གར་དབང་ཆོས་སྐྱོང་བསྟན་པ་རྣམས་རྒྱལ

Screen Shot 2013-11-13 at 4.47.57 PM

༈ སྐུ་ཕྲེང་བཅུ་གཉིས་པ་ ༧ཀརྨ་གར་དབང་ཆོས་སྐྱོང་བསྟན་པ་རྣམས་རྒྱལ་ནི་རྒྱ་གར་འཕགས་པའི་ཡུལ། འབྲས་ལྗོངས་རྒྱལ་པོའི་ཁབ་ཏུ་ཡབ་བཀྲ་ཏིང་ཡ་པ་བསོད་ནམས་རྒྱ་མཚོ་དང་། ཡུམ་འབྲས་ལྗོངས་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་སྲས་མོ་བསོད་ནམས་དཔལ་ལྡ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་སྦྲུལ་ལོར་སྐུ་ཡི་མཚན་དཔེའི་མེ་ཏོག་བཞད། དེའང་སྤྲུལ་སྐུ་ཉིད་ཡུམ་གྱི་ལྷུམས་སུ་བཞུགས་སྐབས་ནས། ༧དཔལ་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་གིས་ཡུམ་ལ་ཁྱོད་ཀྱི་མངལ་དུ་བཞུགས་པ་དེ་ཁམས་ཀྱི་བླ་མ་ཟུར་མང་གར་དབང་གི་སྤྲུལ་སྐུ་ཡིན་ཞེས་སྒྲིབ་མེད་རྡོ་རྗེའི་ལུང་གིས་གསལ་བར་བཟུང་བ་བཞིན། ཟླ་ཚེས་བྱེད་སྦྱོར་བཟང་པོའི་ཉིན་དགེ་མཚན་རྟགས་དུ་མ་དང་བཅས་སྐུ་བལྟམས་པས་ཀུན་ལ་མི་ཕྱེད་པའི་དད་པ་རྟན་པོས་ཡིད་ཆེས་ཀྱི་པད་མོ་རབ་ཏུ་རྒྱས་པ་གྱུར། དགུང་གྲངས་བཅུ་གཉིས་བཞེས་པའི་ཤིང་འབྲུག་ལོར། རུམ་བཏེགས་ཀརྨའི་གདན་ས་བཤད་སྒྲུབ་ཆོས་འཁོར་གླིང་དུ་རྒྱལ་དབང་རིན་པོ་ཆེ་ཉིད་ནས་འཇིགས་མེད་ཆོས་ཀྱི་ཁྲི་ལ་བཀོད་ཅིང་ཟུར་མང་གར་དབང་རིན་པོཆེ་ངེས་དོན་ཆོས་སྐྱོང་རྡོ་རྗེའི་ཡང་སྲིད་དུ་མངའ་གསོལ་མཛད། མཚན་ཀརྨ་གར་དབང་ཆོས་སྐྱོང་བསྟན་པ་རྣམ་རྒྱལ་དཔལ་བཟང་པོ་ཞེས་གསོལ། རྒྱལ་དབང་རིན་པོ་ཆེ་མཆོག་ནས་ཐད་ཀར་ཐུན་མོང་མ་ཡིན་པའི་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་མེ་ཏོག་པད་མའི་སྣར་མ་ལྟར་སྙོར་སྐྱོང་མཛད་ཅིང་། གདན་ས་དེ་རུ་ཐོག་མར་ཡིག་གེ་འབྲི་ཀློག་ནས་རྩོམ་སྟེ་མདོ་སྔགས་རིགས་གཞུང་སྤྱི་ལ་ཐོས་བསམ་རྒྱ་ཆེར་མཛད་དུ་གཞུག་པ་དང་། ཁྱད་པར་ཡིག་རིགས་དང་། སྐད་རིགས་སྣ་ཚོགས་པ་རྣམས་ལ་སྦྱོངས་བརྩོན་མཐར་ཕྱིན་པ་གནང་། རྒྱལ་བ་ཡབ་སྲས་རྣམས་ཀྱིས་གཙོས་སྐྱེས་ཆེན་དུ་མའི་མདུན་ནས་ཟབ་ཆོས་གདམས་པའི་བདུད་རྩི་ངོམ་མེད་དུ་བཞེས། ཟུར་ལུགས་གཙོ་བོར་གྱུར་པའི་བཀའ་གསར་རྙིང་གི་ཆོས་ཀ་མང་པོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་གསན། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་བསླབ་གསུམ་གྱི་རྒྱལ་མཚན་འཛིན་པའི་ཏོག་ཏུ་གྱུར། རྒྱ་མཚོའི་ཤར་ནུབ་ཀྱི་བརྡས་ཕྱེ་བའི་མི་རིགས་དང་ཡིག་རིགས་སྐད་རིགས་མི་གཅིག་པའི་ཕྱི་གླིང་གི་རྒྱལ་ཁབ་རྣམས་སུ་བྱོན་ཏེ། མཐའ་འཁོབ་ཀླ་ཀློའི་མུན་གླིང་དུ་རྒྱལ་བསྟན་ཉིན་བྱེད་གསར་པའི་འོད་སྣང་གིས་ཁྱབ་པར་བྱས། སྨིན་གྲོལ་གདམས་པའི་བདུད་རྩིས་ཕྱོགས་དང་ཡུལ་གླིང་གི་སྐྱེ་བོ་ཐམས་ཅད་གནས་མཐར་བདེ་ལེགས་ཀྱི་དཔལ་ལ་བཀོད་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་ཕྲིན་ལས་མཐར་ཡས་ཤིང་། རྒྱལ་ཁབ་མང་པོ་ཞིག་ལ་དམ་པའི་ཆོས་ཀྱི་ཚོགས་པ་བཙུགས་ཏེ་དགོས་འདོད་ནམ་མཁའ་མཛོད་ལ་མངའ་འབྱོར་བས། འབྲས་ལྗོངས་གླིང་ཟླུམ་དུ་དཔལ་ཀརྨའི་ཟུར་མང་བཤད་སྒྲུབ་ཆོས་འཁོར་གླིང་ཞེས་པའི་གདན་ས་ཆེན་པོ་ཕྱག་བཏབ། ངར་ལྕགས་དང་ཨར་འདམ་ལས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ངོ་མཚར་གྱི་ཕུང་པོ་འབུམ་གྱིས་སྤྲད་པ་མིག་གི་བདུད་རྩི་རུ་བསྐྲུན། འདུན་པ་བརྒྱ་ཕྲག་ལྷག་ལ་ཟས་གོས་འཚོ་ཆས་སོགས་ཀྱི་མཐུན་རྐྱེན་ཕོངས་པ་མེད་པར་ན་མར་སྦྱོར་འཇག་གནང་། དུས་མཆོད། གར་འཆམ། བཅའ་བཤམ་སོགས་ཟུར་ལུགས་རང་རྐང་གི་སྲོལ་བཟང་ནུབ་པ་མེད་པར་འཛིན་པའི་གཞི་བཙུགས། ཪབ་བྱུང་བཅུ་བདུན་པའི་ནང་གསེས་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོ་སྤྱི་ལོ་༡༩༩༡ལོར་གར་དབང་གོང་མའི་གདན་ས་དཔལ་བཀྲ་ཤིས་ཟུར་མང་བཤད་སྒྲུབ་ལྷུན་གྱིས་གྲུབ་པའི་གླིང་གི་ཆོས་སྡེར་ཞབས་ཀྱི་པད་མོ་ཐོག་མར་བཀོད་པ་སྟེ་དེ་ཡང་ ༧བསྟན་སྤྲུལ་རིན་པོ་ཆེ་དགེ་ལེགས་འོད་ཟེར་གཙོ་འཁོར་ཐབ་བསུ་ཁ་ལ་ཕེབས། བླ་གྲྭ་འདུས་པ་མང་པོས་སེར་སྦྲེང་ཐོག་རོལ་མཆོད་གར། སེང་འཆམ། གདུགས་རྒྱལ་མཚན། འཕན་དང་དར་ཆ། སྤོས་སྣ་རྒྱ་གླིང་སོགས་གཟབ་རྒྱས་ཀྱིས་མདུན་ལེགས་པར་བསུས། ཟུར་མང་ཁྲ་གཡེར་མའི་ཆོས་ཀྱི་གནྡྷོ་ལ་ཆེན་མོར། གར་དབང་རིན་པོ་ཆེ་མཆོག་གི་འཇིགས་བྲལ་ཆོས་ཀྱི་ཁྲི་འཕངས་མཐོན་པོར་རྩིབས་སྟོང་རྣམ་པར་བཀྲ་བའི་འཁོར་ལོའི་རེ་ཁཱས་མཚན་པའི་ཞབས་སོར་བཀོད། མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་མཁན་སློབ་རྣམ་ཀྱི་མཙོས་དད་ལྡན་སེར་སྐྱ་སྟོང་ལས་བརྒལ་བས་མཇལ་དར་ཕུལ། སླར་ཡང་། སྐྱབས་རྗེ་གར་དབང་རིན་པོ་ཆེ་དང་། བསྟན་འཛིན་སྤྲུལ་པའི་སྐུལ་མཆོག་རྣམ་གཉིས་ཀྱིས་གཙོར་བོར་བྱས། བྱ་བཏང་སྤྲུལ་པའི་སྐུ། ཀུན་བཟང་རྡོ་རྗེ་སྤྲུལ་པའི་སྐུ། འབྲུག་པ་སྤྲུལ་པའི་སྐུ་སོགས་བླ་སྤྲུལ་མཁན་སློབ་གསེར་ཞལ་གདན་འཛོམས་པ་ཆེན་པོ། དཔེར་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བ་བཞིན་དུ་བཞུགས་པ་ལ ཟུར་མང་དགེ་རུ་ཡུས་འབྲོག་གི་འབངས་མི་སེར་སྐྱ་ཡོངས་ཀྱིས་ཞལ་རས་དགྱེས་པའི་འཛུམ་ཞལ་མངོན་སུམ་དུ་མཇལ་བའི་སྐལ་བཟང་ཐོབ། གར་དབང་སྤྲུལ་པའི་སྐུ་མཆོག་རིན་པོ་ཆེས། སྐུ་མཚན་དཔེའི་གཟི་བྱིན་ལྷམ་མེར་གར་དབང་ཆོས་སྐྱོང་རྡོ་རྗེ་དེ་ཉིད་ཁ་སང་གི་ཉི་མ་ད་རིང་ཤར་བ་ལྟར་དགྱེས་པའི་ཞལ་བསྟན། གསུང་ཚངས་པའི་དབྱངས་ཀྱི་སྙན་པ་ལྷན་ནེར། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་འབྲེལ་བའི་ཞལ་བཀོད་དང་བཀའ་སློབ་ཟབ་མོ་བསྩལ། ཐུགས་ཟག་མེད་ཡེ་ཤེས་ཀྱི་རོལ་རྩལ་ཆེན་པོས་ཉེ་རིང་བྲལ་ཞིང་ཀུན་ལ་སྙོམས་པའི་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བར་མཛད་པ་སོགས། མི་མ་ཤི་བའི་དོན་གོ་ད་རེས་མཆིས་སོ་ཞེས་ལྷ་མི་ཀུན་གྱིས་མངོན་པར་བསྟོད་ཅིང་། མཐོང་བ་དོན་ཡོད་ཀྱི་མཛད་བཟང་མཁའ་ཁྱབ་ཏུ་སྤྲོ་བར་མཛད།། བསྟན་སྤྲུལ་རིན་པོ་ཆེ་དགེ་ལེགས་འོད་ཟེར་གཙོས་བླ་སྤྲུ་སོ་སོ་དང་། དགོན་པའི་སྤྱི་སོ་བཅས་ནས་མཎྜལ་མཚོན་བྱེད་འབུལ་རྒྱ་ཆེན་པོ་ཕུལ་བ་དང་། ཚུལ་ལ་ལེགས་སྐྱེས་དང་འབུལ་ཏོག་གནང་སྦྱིན་གྱི་ནོམ་པ་མཛད། འདུ་ཁང་ཁྲ་གཡེར་མ་ལ་གསེར་འཕྲུ་ཁང་རྩེགས་ཚད་ཅན་དང་། རི་དྭགས་ཆོས་འཁོར་བཅས་ཀྱིས་མཛེས་པར་བརྒྱན། དགོན་པའི་དབུ་དགེ་སློབ་དཔོན་ལས་སྣེ་ཆེ་ཕྲ་རྣམས་དང་དགོན་པ་བསྐྱར་བཞེངས་ཀྱི་སྐབས་སུ་ཕྱག་རྗེས་བླ་ལྷག་ཅན་དང་། ལག་རྩལ་ཁྱད་འཕགས་ཅན་རྣམས་ལ་བབ་བསྟུན་གྱི་དགའ་རྟགས་དང་། གསོལ་རས་རྒྱ་མ་ཆུང་བ་གནང་སྦྱིན་མཛད་དོ། དགའ་ལྡན་ཐུབ་བསྟན་ངེས་ལེགས་གླིང་དུ་ཡང་གདན་འདྲེན་ཞུས་པ་ལྟར་ཕེབས་ཤིང་། ཡར་ལ་འབུལ་བ་མར་ལ་གནང་སྦྱིན་སོགས་རྒྱ་ཆེར་མཛད་པ་བཅས་ནི་ཐེངས་དང་པོའི། གཞན་ཡང་སྔ་ཕྱི་ཅི་རིགས་པར་ཟུར་མང་བདུད་རྩི་དིལ། བྱ་སྐེའི་དགེ་དགོན་རྡོ་དགོན་ཕུན་ཚོགས་གླིང་། གཏེར་སྟོན་དགོན། ཀེ་རོང་དགོན། དཔལ་མེ་དགོན་སོགས་ལ་ཡང་ཞབས་ཀྱིས་བཅགས་ཤིང་དགོན་ཐེབས་མང་ཉུང་ཅི་རིགས་གནང་བ་བཅས་སོ། དེ་ནས་བཟུང་ལན་མང་བྱོན་པ་ལས། ཐེངས་གཉིས་པ་ཕེབས་པའི་སྐབས་སུ་དགོན་འདི་ཡི་གྲྭ་པ་ཡོད་དོ་ཅོག་ལ་མི་རེར་རྒྱ་གསེར་གྱི་སྟོད་འགག་བཟང་ཕྲུག་གི་ཤན་རྟ་བྱས་པ་རེ་རེ་ཕྱག་འགྱེད་གནང་། ལས་སྣེ་ཆེ་ཕྲ་དང་། གྲྭ་རྒན་གྲལ་རྣམས་ལ་ཟུར་དུ་གནང་སྦྱིན་དང་། ཆོས་གྲྭ་སྟོད་སྨད་དུ་ཐོས་བསམ་སློབ་གཉེར་གྱི་ཆེད་དུ་འབྱོན་མཁན་རྣམས་ལ་དམངས་སྒོ་༣༠༠རེ། ཟུར་མང་ཡུས་འབྲོག་ཤོག་ཀ་གཉིས་ཀྱི་མཆོད་སྡེ་ལ་དམངས་སྒོ་འབུམ་༡། ༧བསྟན་སྤྲུལ་རིན་པོ་ཆེ་སྐུ་མ་རྟག་པའི་སྐབས་དང་ཐུག་པས་ཡུམ་སྲས་རྣམས་ལ་ཐུགས་གསོའི་རྟེན་དུ་དངུལ་སོགས་ཀྱང་གནང་། དེ་ནས་བཟུང་ཟུར་མང་རྣམ་རྒྱལ་རྩེའི་ཕོ་བྲང་བཞེངས་རྒྱུའི་ཞལ་གྱིས་བཞེས། དེ་ཡི་ཕྱི་ལོ་ནས་མཛོད་པ་ཤེས་རྒྱལ་གྱིས་གཞི་ལེན་ཕྱག་གཞི་ལེག་ཕྱག་འདོད་བཅས་ཀྱི་སྒོ་ནས། རྨང་འདིང་བ་ནས་རྩོམ་སྟེ་རྣམ་རྒྱལ་རྩེའི་ཕོ་བྲང་བཀྲ་ཤིས་དགུ་བརྩེགས་ངར་ལྕགས་དང་ཨར་འདམ་ཁོ་ན་ལས་གྲུབ་པ་རྒྱ་ཕིབས་འཕྲུ་ཏོག་དང་བཅས་པའི་རྟེན་དང་བརྟེན་པ་ངོ་མཚལ་གྱི་ཕུང་པོ་དུ་མས་མཛེས་པ་འགྲོ་བའི་མིག་གི་བདུད་རྩིར་ཡོངས་སུ་གྲུབ། བཤད་གྲྭ་ལུང་རྟོགས་ནོར་བུའི་དགའ་ཚལ། གཙུག་ལག་ཁང་ཐོག་སོ་ལྔ་ཅན་ལ་ཁོར་ཡུག་གྲྭ་ཤག་ལྔ་བཅུ་ཡོད་པ་ཡང་གོང་བཞིན་ངར་ལྕགས་དང་ཨར་འདམ་འབའ་ཞིག་གིས་བསྐྲུན་བཞིན་པ་སོགས། དགོན་འདིའི་ཕྱི་ཡི་རྟེན་གཙུག་ལག་ཁང་བསྐྱར་བཞེངས་དང་། ནང་བརྟེན་པ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞེངས་བཞག བསྟན་རྩ་དགེ་འདུན་གྱི་སྡེ་དར་རྒྱས་སུ་གཏོང་། མཆོད་རྩ་སྒྲུབ་ཐེབས་སོགས་མདོར་ན། ཀྲུང་གོའི་དམངས་སྒོར་ས་ཡ་བཞི་ལྷག་གི་གཏོང་སྒོ་མཛད་པ་སོགས། འཕགས་བོད་དུ་ཡོད་པའི་དགོན་ཡར་མར་གཉིས་ཀ་སྐྱོང་བར་མཛད་ཅིང་། བསྟན་འགྲོའི་དཔལ་དང་མགོན་དུ་འཆི་མེད་ཚེ་མཐའ་ཡས་པའི་ངོ་བོར་འཚོ་གཞེས་གྲུབ་བཞིན་པ་འདིའོ།
གར་དབང་སྐུ་ཕྲེང་ཐོག་མ། མཚོ་སྐྱེས་རྡོ་རྗེའི་སྲས་ནང་སོ་པད་མ་བློ་གྲོས་ནས་དཀྱུས་ལྟར་བགྲང་པའི་སྐུ་ཕྲེང་བཅུ་པར་འཇོག་ཅིང་། ༧རྒྱལ་དབང་རིག་པའི་རྡོ་རྗེའི་བཀའ་ལུང་གིས་སྐུ་ཕྲེང་བཅུ་གཉིས་པ་ཞེས་ཡང་ཡང་དུ་བསྔགས་པར་མཛད་དོ་ཞེས་པ་ལྟར་ན་དེའང་དགོངས་གཞི་ཁྱད་པར་ཅན་དུ་ངེས་སོ།།

Rinpoche Enthronement Invitation both