དཔལ་ཟུར་གཅོད་བརྒྱུད་པའི་ཆོས་འབྱུང་ཡེ་ཤེས་མཁའ་འགྲོའི་དགོངས་གསལ་མེ་ལོང་།

༄༅།། དཔལ་ཟུར་གཅོད་བརྒྱུད་པའི་ཆོས་འབྱུང་ཡེ་ཤེས་མཁའ་འགྲོའི་དགོངས་གསལ་མེ་ལོང་།

༄༅། ཟུར་མང་ལ་གཅོད་ཡུལ་ཕྱག་རྒྱ་ཆེན་པོའི་བཀའ་ཡི་བརྒྱུད་རིམ་ནི། ༑ཐོག་མར་ཆོས་སྐུའི་བརྒྱུད་པ་ནི། །གནས་ནི། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་རྡོ་རྗེ་བཙུན་མོའི་བྷ་ག་ན། དུས་ནི། དུས་གསུམ་ལས་འདས་པའི་དུས་བཞི་མཉམ་པ་ཉིད་ཡེ་ཐོག་དང་པོའི་ཚེ། སྟོན་པ་ནི། རང་བྱུང་གི་སྟོན་པ་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའམ་ཀུན་ཏུ་བཟང་པོས། འཁོར་ནི། ཉིད་ལས་ཐ་མི་དད་པའི་འཁོར་རྒྱལ་བ་རིགས་ལྔ་ལ། ཆོས་ནི། ཡུམ་ཤེས་རབ་ཀྱི་ཕར་ཕྱིན་མ་ཟབ་མོ་བདུད་ཀྱི་གཅོད་ཡུལ་སྒྲ་རྟོག་ལས་འདས་པའི་ངེས་དོན་ཕྱག་རྒྱ་ཆེན་པོའོ། ༑ལོངས་སྐུའི་བརྒྱུད་པ་ནི། གནས་ནི། འོག་མིན་སྟུག་པོ་བཀོད་པའི་གནས་གཞི་དང་སྙིང་པོ་མེ་ཏོག་གིས་རྒྱན་པའི་ཞིང་ན། དུས་ནི། དུས་རྟག་པ་རྒྱུན་གྱི་འཁོར་ལོར། སྟོན་པ་ནི། ངེས་པ་ལྔ་ལྡན་གྱི་ལོངས་སྐུ་རྣམ་སྣང་གངས་ཆེན་མཚོས། འཁོར་ནི། སྟོན་པ་ཉིད་ལས་ཐ་དད་པའི་འཁོར་ས་བཅུ་པ་ལ་གནས་པའི་བྱང་སེམས་ཁོ་ན། ཆོས་ནི། ཐེག་པ་ཆེན་པོའི་གཅོད་ཡུལ་ཟམ་མོ་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། ༑སྤྲུལ་སྐུའི་བརྒྱུད་པ་ནི། གནས་ནི། གནས་བྱ་རྒོད་ཕུང་པོའི་རི་ཡུལ་ཡངས་པ་ཅན་རྒྱལ་པོའི་ཁབ་རྣམས་སུ། དུས་ནི། ཚེ་ལོ་བརྒྱ་པའི་དུས་སུ། སྟོན་པ་ནི། སྟོན་པ་ཤཱཀྱའི་རྒྱལ་པོ་མཉམ་མེད་ཐུབ་པའི་དབང་པོས། འཁོར་ནི། བྱང་སེམས་འཇམ་དཔལ་དང་བྱམས་པ་མགོན་པོ་སོགས་མ་ངེས་པ་རྣམས་ལ། ཆོས་ནི། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་དང་ཐ་མ་ལེགས་པར་རྣམ་པར་འབྱེད་པའི་ཆོས་འཁོར་བླ་ན་མེད་པ་འདི་གཉིས་ཟུང་དུ་འཇུག་པའི་ཟབ་མོ་གཅོད་ཀྱི་བསྟན་པ་དྲི་མ་མེད་པའོ། ༑དེ་ནས་རིམ་བཞིན་འཇམ་དཔལ་ཡེ་ཤེས་སེམས་དཔས་ཟབ་མོ་ལྟ་བའི་སྲོལ་འབྱེད་མགོན་པོ་ཀླུ་སྒྲུབ་ལ་གསུངས། རྒྱལ་ཚབ་བྱམས་པ་མགོན་པོས་རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་འཕགས་པ་ཐོགས་མེད་ལ་གསུངས། མགོན་པོ་ཀླུབ་སྒྲུབ་ཀྱིས་འཕགས་པ་ཨརྱ་དེ་ཝ་ལ་གནང་། འཕགས་པ་ལྷས་བྲམ་ཟེ་ཨརྱ་དེ་ཝ་ལ་གནང་ངོ་། འཕགས་པ་ཐོགས་མེད་ཀྱིས་གཅུང་དབྱིག་གཉེན་ལ་གནང་། སངས་རྒྱས་གཉིས་པ་དབྱིག་གཉེན་གྱིས་བྲམ་ཟེ་ཨརྱ་དེ་ཝ་ལ་གནང་ངོ། དེ་ནས་བྲམ་ཟེ་ཨརྱ་དེ་ཝ་ལ་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་གཅིག་ཏུ་བབ་ནས་འཕགས་པ་གཉིས་ཀྱི་དགོངས་པ་ཟབ་མོ་མཐར་ཐུག་གཅོད་ཡུལ་ཕྱག་རྒྱ་ཆེན་པོའི་དོན་དུ་དྲིལ་ཏེ་ཉམས་སུ་ལེན་པའི་གདམས་ངག་གཞུང་ཆུང་ཟེར་བ་ཞིག་མཛད་དོ། དེ་ནས་བྲམ་ཟེ་ཨརྱ་དེ་ཝས་ཕ་ཅིག་དམ་པ་རྒྱ་གར་ལ་གནང་ངོ་། དེ་ཡན་ཆོད་ནི་ཕ་རྒྱུད་ཐབས་ཀྱི་རྒྱུད་པའོ། ༑མ་རྒྱུད་ཤེས་རབ་ཀྱི་རྒྱུད་པ་ནི། ཆོས་སྐུ་ཡུམ་ཆེན་མོའམ་རྗེ་བཙུན་མ་རྡོ་རྗེ་ཕག་མོས་འཕགས་མ་སྒྲོལ་མ་ལ་གནང་། རྗེ་བཙུན་སྒྲོལ་མས་མཁའ་འགྲོ་མ་སུ་ཁ་སིདྡྷི་ལ་གནང་ངོ་། མཁའ་འགྲོ་མ་དེས་བྲམ་ཟེ་ཨརྱ་དེ་ཝའི་མདུན་ནས་ཤེར་ཕྱིན་གྱི་མན་ངག་ཞུས་པ་ལ་མ་རྒྱུད་དུ་གྲགས་སོ།  ༑དེ་ནས་ཕ་ཅིག་དམ་པ་སངས་རྒྱས་ཀྱིས་སྐྱོ་ཆུང་བསོད་ནམས་བླ་མ་ལ་གནང་། སྐྱོ་ཆུང་བསོད་ནམས་བླ་མས་བཀའ་གཏེར་དུ་མས་ལུང་གི་བསྔགས་པའི་མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མེ་ལ་གནང་། མ་ཅིག་གིས་སྲས་མཆོག་རྒྱལ་བ་དོན་གྲུབ་ལ་གནང་། སྲས་མཆོག་རྒྱལ་བ་དོན་གྲུབ་ཀྱིས་རྗེ་སྐྱེ་མེད་ཟང་ཐལ་ལ་གནང་། སྐྱེ་མེད་ཟང་ཐལ་གྱིས་རྒྱ་ནག་གཅེར་བུ་ལ་གནང་། གྲུབ་ཆེན་རྒྱ་ནག་གཅེར་བུས་རྗེ་སངས་རྒྱས་རབ་སྟོན་ལ་གནང་། སངས་རྒྱས་རབ་སྟོན་གྱིས་ཟལ་མོ་སངས་རྒྱས་དགེ་སློང་ལ་གནང་། སངས་རྒྱས་དགེ་སློང་གིས་རྗེ་སུམྦྷ་སྒོམ་ཆེན་ལ་གནང་། སུམ་སྒོམ་ཆེན་པོས་རྗེ་འབྲི་སྒོམ་རྟོག་མེད་ལ་གནང་། འབྲི་སྒོམ་རྟོག་མེད་ཀྱིས་ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་ལ་གནང་། རང་བྱུང་རྡོ་རྗེས་རྟོགས་ལྡན་སེང་གེ་དཔལ་བ་ལ་གནང་། རྟོགས་ལྡན་སེང་གེ་དཔལ་བས་རྗེ་མཚན་ལྡན་དབང་ཕྱུག་རྡོ་རྗེ་ལ་གནང་། དབང་ཕྱུག་རྡོ་རྗེས་གྲུབ་ཐོབ་དཔལ་ལྡན་རིན་ཆེན་ལ་གནང་། རྗེ་དཔལ་ལྡན་རིན་ཆེན་གྱིས་རུ་པ་འོད་ཟེར་རྒྱལ་མཚན་ལ་གནང་། གྲུབ་ཐོབ་རུ་པ་འོད་ཟེར་རྒྱལ་མཚན་གྱིས་ཟུར་མང་བཀའ་བརྒྱུད་ཀྱི་བསྟན་པའི་སློབ་དཔོན་ཆེན་པོ་སངས་རྒྱས་རིན་ཆེན་ལ་ཟབ་མོ་གཅོད་ཀྱི་གདམས་པ་མ་ལུས་པ་གནང་། སློབ་དཔོན་སངས་རྒྱས་རིན་ཆེན་ནི། ཁམས་བཀྲ་ཤིས་ཟུར་མང་གི་ས་ཆར། གདུང་རུས་གཟི་དོད་དུ་སྐུ་འཁྲུངས། མཚན་སངས་རྒྱས་རིན་ཆེན་ནམ་བུདྡྷ་རཏྣ་ཞེས་བཏགས། རུ་པ་འོད་ཟེར་རྒྱལ་མཚན་ལས་གཅོད་ཀྱི་གཞུང་ཁྲིད་དང་ཁ་འཐོར་སྐོར་ཞུས། དེ་རྗེས་བཀའ་བརྒྱུད་ཀྱི་གདམས་པ་ཆ་ཚང་ཞུས་པར་གྲགས། རྗེ་བསྟན་འཛིན་ལེགས་བཤད་སྒྲ་དབྱངས་ཀྱིས་ཟུར་ལུགས་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་དང་དཔལ་མགོན་ཕྱག་བཞི་པ། རཏྣ་གླིང་པའི་ཆོས་སྐོར་སོགས་ཟུར་མང་གི་ཆོས་བཀའ་ཐམས་ཅད་གནང་ཏེ་ཟུར་ལུགས་གི་བསྟན་པའི་བདག་པོར་གྱུར་ནས་གྲུབ་པའི་མཚན་མ་བརྙེས་པ་སོགས་ཆེ་བའི་ཡོན་ཏན་མཐའ་ཡས་པའོ། དེ་ནས་སློབ་དཔོན་སངས་རྒྱས་རིན་ཆེན་གྱིས་ཟུར་ལུགས་གཅོད་ཡུལ་ཟབ་མོའི་བསྟན་པའི་སྲོལ་འབྱེད་ཆེན་པོ་དྲུང་ཀརྨ་ཀུན་དགའ་རྣམ་རྒྱལ་ལ་གཅོད་གཞུང་ཟབ་མོའི་གདམས་པ་ཆ་ཚང་བར་གནང་། དེ་ཡང་ཟུར་མང་དྲུང་པ་ཀརྨ་ཀུན་དགའ་རྣམ་རྒྱལ་ནི། རུ་པ་འོད་ཟེེར་རྒྱལ་མཚན་དང་སློབ་དཔོན་སངས་རྒྱས་རིན་ཆེན་གཉིས་ཀྱི་སློབ་མ་ཡབ་ཨ་གྲོ་གཅོད་པ་སངས་རྒྱས་བཀྲ་ཤིས་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། རྗེ་ལེགས་བཤད་སྒྲ་དབྱངས་ཀྱིས་ཟུར་མང་དུ་གདན་ནས་མཚན་ཀརྨ་ཀུན་དགའ་རྣམ་རྒྱལ་བཏགས། ཞྭ་དམར་དཀོན་མཆོག་ཡན་ལག་དང་རྒྱལ་ཚབ་གྲགས་པ་དོན་གྲུབ་ལས་དགེ་བསྙེན་སྡོམ་པ་ཞུས། ཀརྨ་པ་དབང་ཕྱུག་རྡོ་རྗེ་དང་དཔའ་བོ་གཙུག་ལག་ཕྲེང་བའི་མདུན་ནས་བྱང་སྡོམ་གསན། རྒྱལ་སྲས་བློ་གྲོས་རྣམ་རྒྱལ་དང་ཁྱད་པར་དུ་སློབ་དཔོན་སངས་རྒྱས་རིན་ཆེན་ལས་ཟུར་མང་སྙན་བརྒྱུད་ནོར་བུ་རྣམ་གསུམ། རཏྣ་གླིང་པའི་ཆོས་བཀའ། གཅོད་ཡུལ་ཟབ་མོའི་གདམས་སྐོར་མ་ལུས་པ་གསན་ནས་དགུང་ལོ་ཉེར་ལྔའི་ཐོག་ཝེར་རེ་ཕུག་ཏུ་ལོ་དྲུག་ལ་དཀྱིལ་ཀྲུང་མ་བཤིག་པར་མཉམ་པར་བཞག གཉན་ཁྲོད་བརྒྱ་རྩ་བརྒྱད་དུ་ཕེབས། ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། ཁྱད་པར་དུ་རྗེ་འདི་ལ་མ་ཅིག་གིས་ཞལ་སྟོན་ནས་ཉེ་བརྒྱུད་ཀྱི་བྱིན་རླབས་ཡོད་པར་གྲགས། དེ་ནས་ཞྭ་དམར་པ་དང་ཀརྨ་བསྟན་སྐྱོང་ཟུང་ལས་བསྙེན་པར་རྫོགས། ཕྱག་ཆེན་ཆོས་དྲུག་སོགས་ཟབ་ཆོས་དུ་མ་ཞུས། ཡབ་ཨ་གྲོ་གཅོད་པ་སངས་རྒྱས་བཀྲ་ཤིས་ལས་གཅོད་ཁྲིད་མང་དུ་གསན། དབུས་སུ་ཕེབས་ཏེ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་དབུ་བླ་མཛད་ནས་སྙན་བརྒྱུད་ཀྱི་གདམས་པ་གནང་། ཁམས་སུ་ཕེབས་ཏེ་བཤད་སྒྲུབ་ཀྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། གཅོད་ཀྱི་གཞུང་ཁྲིད་སོགས་མང་དུ་མཛད་དེ་གཅོད་ཀྱི་བསྟན་པ་ལ་རླབས་ཆེན་གྱི་མཛད་རྒྱས་བསྐྱངས། གླེགས་བམ་དང་ཕྱག་ཕྲེང་ནམ་མཁར་འཇོག་པ། རྡོ་ལ་ཕྱག་རྗེས་འཇོག་པ་སོགས་གྲུབ་པའི་རྟགས་མཚན་མང། མཐར་ཆོས་འཕྲུལ་ཟླ་བའི་ཡར་ཚེས་བཅོ་ལྔར་ལོངས་སྤྱོད་རྫོགས་པའི་སྐུར་གཤེགས་པའོ། ཟུར་མང་སློབ་དཔོན་སངས་རྒྱས་རིན་ཆེན་དང་དྲུང་ཀུན་དགའ་རྣམ་རྒྱལ་གཉིས་ཀྱིས་ཟུར་མང་གར་དབང་ཀརྨ་བསྟན་སྐྱོང་ལ་གནང་། གར་དབང་ཀརྨ་བསྟན་སྐྱོང་ནི། རྒྱལ་བ་ཞྭ་དམར་ནག་གཉིས་ཀྱིས་རྒྱལ་སྲས་བློ་གྲོས་རྣམ་རྒྱལ་གྱི་ཡང་སྲིད་དུ་ལུང་བསྟན། རྗེ་ཀུན་དགའ་རྣམ་རྒྱལ་གྱིས་ཟུར་མང་སྙན་བརྒྱུད་སྐོར་དང་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གནང་། ཉམས་རྟོགས་ཁྱད་པར་ཅན་འཁྲུངས། སྔགས་སྲུང་མའི་གཡུ་སྐྱང་བྲན་དུ་ཁོལ། སློབ་དཔོན་སངས་རྒྱས་རིན་ཆེན་གྱིས་རཏྣའི་ཆོས་སྐོར་གནང་། ཁྱད་པར་དུ་སངས་རྒྱས་རིན་ཆེན་དང་དྲུང་ཀུན་དགའ་རྣམ་རྒྱལ་ཟུང་གིས་ཟུར་ལུགས་གཅོད་ཡུལ་ཟབ་མོའི་གདམས་སྐོར་རྫོགས་པར་གནང་། ཞྭ་དམར་དཀོན་མཆོག་ཡན་ལག་ལས་བསྙེན་པར་རྫོགས། མཚན་ཀརྨ་བསྟན་སྐྱོང་བཏགས། ཟུར་མང་སྙན་བརྒྱུད་ཀྱི་ཟིན་བྲིས་སོགས་བསྟན་བཅོས་མང་དུ་མཛད། ཟུར་མང་གར་དབང་ཀརྨ་བསྟན་སྐྱོང་གིས་ཆེ་ཚང་བསོད་ནམ་འགྱུར་མེད་དང་ཟུར་མང་དཀོན་མཆོག་བསྟན་འཛིན་གཉིས་ལ་གནང་། དེ་ཡང་ཆེ་ཚང་བསོད་ནམ་འགྱུར་མེད་ནི། ས་རུ་གཅོད་པ་ཡབ་སྲས་དང་མཁན་པོ་ངག་དབང་བསྟན་པའི་རྡོ་རྗེ་སོགས་འཁྲུངས་བའི་གདུང་རིགས་སུ་བལྟམས། ཞྭ་དམར་ཆོས་ཀྱི་དབང་ཕྱུག་དང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་སོགས་བསྟེན། ཟུར་མང་གར་དབང་ཀརྨ་བསྟན་སྐྱོང་གིས་མཁའ་འགྲོ་སྙན་བརྒྱུད་དང་ཟུར་གཅོད་ཀྱི་གདམས་པ་མཐའ་ཡས་པ་གནང་། བེ་རི་རྒྱལ་པོས་བཙོན་དུ་འཛིན་སྐབས་སྐུ་ལུས་ཀྱི་བཀོད་པ་གཉིས་རེ་བསྟན་པ་དང་གཤེད་མའི་དཔུང་རྣམས་སྤྲུལ་བའི་དམག་གིས་ཟློག་པར་མཛད། ལྷ་འདྲེ་ཐམས་ཅད་བྲན་དུ་ཁོལ་ཏེ་བཅོལ་བའི་ཕྲིན་ལས་སྒྲུབ་པ་སོགས་གྲུབ་པའི་དངོས་གྲུབ་བརྙེས། ཟུར་མང་དཀོན་མཆོག་བསྟན་འཛིན་ནི། ཟུར་མང་དབུ་པ་ཚང་དུ་འཁྲུངས། བློ་གྲོས་ཀུན་དགའི་ཡང་སྲིད་ཡིན་པར་གྲགས། སྐྱོ་བྲག་བླ་མས་མཚན་དཀོན་མཆོག་བསྟན་འཛིན་བཏགས། ཀརྨ་པ་ཡབ་སྲས་ལས་གདམས་པ་མང་དུ་གསན། ཁྱད་པར་དུ་ཟུར་མང་གར་དབང་ཀརྨ་བསྟན་སྐྱོང་གིས་ཟུར་མང་སྙན་བརྒྱུད་སྐོར་དང་རཏྣ་གླིང་པའི་གཏེར་ཆོས། ཟུར་ལུགས་གཅོད་ཀྱི་གདམས་པ་ཆ་ཚང་གནང་། གྲུབ་པའི་མཚན་སྙན་འབར། ཨ་རོད་གུ་ཤི་རྒྱལ་པོས་གཙུག་ཏུ་བཀུར་ནས་མངའ་ཐང་ཤིན་ཏུ་རྒྱས་པར་གྲགས། ཆེ་ཚང་བསོད་ནམ་འགྱུར་མེད་དང་དཀོན་མཆོག་བསྟན་འཛིན་ཟུང་གིས་སྐུ་མཆེད་ཀརྨ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ལ་གནང་། ཀརྨ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ནི། དྲུང་ཀུན་དགའ་རྣམ་རྒྱལ་གྱི་ཡང་སྲིད་ཡིན་པར་གྲགས། གཏེར་ཆེན་རོལ་པའི་རྡོ་རྗེས་ཌོམྦྷི་ཧེ་རུ་ཀ་དང་སངས་རྒྱས་མོས་པའི་སྤྲུལ་པ་ཡིན་པར་གསུངས། ཆེ་ཚང་བསོད་ནམ་འགྱུར་མེད་སྙིང་པོ་དང་རྗེ་དཀོན་མཆོག་བསྟན་འཛིན་ཟུང་གིས་ཟུར་མང་སྙན་བརྒྱུད་དང་རཏྣ་གླིང་པའི་ཆོས་སྐོར། ཁྱད་པར་དུ་ཟུར་གཅོད་རྒྱས་པར་གནང་། ཀརྨ་པ་ཆོས་དབྱིངས་རྡོ་རྗེས་ལས་གདམས་ངག་མང་དུ་གསན། རྒྱལ་པོ་བློ་བཟང་བསྟན་སྐྱོང་གི་དབུ་བླར་བཀུར། ཟུར་མང་བསྟན་པ་ལ་ཉམས་ཆག་བྱུང་བའི་རྐྱེན་གྱིས་ཆབ་མདོ་བྱམས་པ་གླིང་དུ་ལོ་བཅུ་དྲུག་ལ་དཀྱིལ་ཀྲུང་མཛད་ནས་མཉམ་པར་བཞག དེ་ཡང་སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་ལུང་ལས། ལྷ་ལུང་རྡོ་རྗེ་ཟུར་མང་ཆོས་གྲྭར་འབྱུངཿ ཁ་ཡོག་རྐྱེན་གྱིས་སྒྲུབ་པ་མཐར་ཕྱིན་འབྱུངཿཞེས་གསུངས། ཟུར་ལུགས་ཀྱི་གཅོད་ཡུལ་ཟབ་མོའི་གདམས་ངག་ལ་མངའ་བརྙེས། ཝ་ལ་གཟེར་བུ་འཕངས་བས་ཞག་གཅིག་ཤི་བ་ལྟར་གྱུར། ཏིང་ངེའཛིན་གྱིས་བཀྲོལ་བས་སླར་གནོད་སྐྱོན་མེད་པར་ལངས་བ་སོགས་གྲུབ་པའི་མཚན་བལྟས་མང་ངོ་། དྲུང་ཀརྨ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་གྱིས་ཆེ་ཚང་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་ལ་གནང་། ཆེ་ཚང་གསུང་རབ་རྒྱ་མཚོ་ནི། ཟུར་མང་འཛི་ལ་དཔོན་ཚང་དུ་འཁྲུངས། རོལ་པ་རྡོ་རྗེས་དཔལ་ཤ་བ་རིའི་སྤྲུལ་པ་ཡིན་པར་གསུངས། ཀརྨ་པ་ཡེ་ཤེས་རྡོ་རྗེའི་མདུན་ནས་རབ་ཏུ་བྱུང་ཏེ་མཚན་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་བཏགས། ཀརྨ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་གྱི་དྲུང་ནས་ཟུར་མང་སྙན་བརྒྱུད་ནོར་བུ་རྣམ་གསུམ་དང་རཏྣ་གླིང་པའི་ཆོས་སྐོར་ཟུར་ལུགས་གཅོད་ཡུལ་ཟབ་མོའི་ཁྲིད་ཡིག་ཚོགས་གཞུང་དང་བཅས་པ་གསན། ཆབ་མདོའི་དྲུང་ཡིག་ལས། སྒྲ་ཀཱ་ལ་པ། སྙན་ངག་མེ་ལོང་མ། སྡེབ་སྦྱོར་རིན་ཕྲེང་སོགས་གསན། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ལས། སྒྲ་ཀཱ་ལ་པ། སྙན་འགྲེལ་མེ་ལོང་མ། མངོན་བརྗོད། ཕུག་རྩིས་སྐོར་དང་། སྡེབ་སྦྱོར་བཅས་གསན། གཏེར་ཆེན་རོལ་པ་རྡོ་རྗེའི་ཆོས་བདག་མཛད་ནས་ཆོས་སྐོར་ཡོངས་རྫོགས་ཞུས། རིག་འཛིན་ཚེ་དབང་ནོར་བུ། ཀུན་མཁྱེན་སི་ཏུ་ཆོས་འབྱུང་། ཁམས་སྤྲུལ་ཀུན་དགའ་བསྟན་འཛིན་སོགས་ཀྱི་དབུ་བླ་མཛད། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མཐའ་ཡས་པས་མདོ་ཁམས་སུ་རིག་པའི་གནས་ལྔའི་སྲོལ་གཏོད་པ་པོར་གྲགས། མཁས་ཤིང་གྲུབ་པའི་ཞལ་སློབ་སི་ཏུ་ཆོས་ཀྱི་འབྱུང་གནས། རིག་འཛིན་ཚེ་དབང་ནོར་བུ། ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན། ཟུར་མང་གར་དབང་སོགས་མང་དུ་བྱུང་ངོ། ཟུར་མང་ཆེ་ཚང་རིག་འཛིན་གསུང་རབ་རྒྱ་མཚོས་སི་ཏུ་ཆོས་ཀྱི་འབྱུང་གནས་ལ་གནང་། སི་ཏུ་ཆོས་འབྱུང་གི་རྣམ་ཐར་ཀུན་གྱིས་མཁྱེན་གསལ་ལྟར་ལགས་པས་མ་སྤྲོས་སོ། རྗེ་སི་ཏུ་ཆོས་འབྱུང་གིས་རྗེ་དགེ་ལེགས་རབ་རྒྱས་ལ་གནང་། རྗེ་དགེ་ལེགས་རབ་རྒྱས་ཀྱིས་རྗེ་ཆོས་སྐྱོང་འགྱུར་མེད་ལ་གནང་། རྗེ་ཆོས་སྐྱོང་འགྱུར་མེད་ཀྱིས་རྗེ་ཀརྨ་འགྱུར་མེད་བསྟན་འཕེལ་ལ་གནང་། རྗེ་ཀརྨ་འགྱུར་མེད་བསྟན་འཕེལ་གྱིས་རྗེ་བསྟན་འཛིན་དགེ་ལེགས་ཉི་མ་ལ་གནང་བའི་བར་གྱི་ཟུར་གཅོད་ཀྱི་བྱུང་རིམ་མདོར་བསྡུས་པའི་ཚུལ་དུ་སྨོས་པའོ། ཅེས་ཟུར་མང་བསྟན་པ་ཡོངས་ཀྱི་བདག་པོ་སྐྱབས་རྗེ༧གར་དབང་རིན་པོ་ཆེ་ཆོས་སྐྱོང་བསྟན་པ་རྣམ་རྒྱལ་མཆོག་ནས་བཀའ་ལུང་ཇི་ལྟར་བསྩལ་བ་བཞིན་ཟུར་མང་ཀུན་བཟང་དགའ་བས་བྲིས་པའོ།།

English